ལྷ་རམས་ཉམས་ཞིབ་པའི་རྩོམ་རྒྱུགས།
རྩོམ་གཞིའི་གཞུང་ཚན།
ཉམས་ཞིབ་འདོད་པ་རྣམས་ཀྱིས་གཞུང་ཆེན་བཀའ་པོད་ལྔ་པོ་གང་རུང་ཞིག་རྩོམ་གཞིར་བཟུང་ནས་ཉམས་ཞིབ་བྱེད་དགོས་པ་ལས་མཉམ་བསྲེས་གནང་མི་རུང་།
རྩོམ་གྱི་རང་བཞིན།
རྩོམ་རྒྱུགས་པས་ཉམས་ཞིབ་གནང་བའི་རྩོམ་དེ་ཉིད་གཞུང་ཆེན་བཀའ་པོད་ལྔ་པོ་གང་རུང་ལ་རིགས་གཅིག་རྐང་འཛིན་གྱིས་ཉམས་ཞིབ་ལེགས་པར་གནང་སྟེ་ཕྱག་རྗེས་འཇོག་རྒྱུའི་བྱ་བཞག་ཅིག་ཡིན་པ་ལས། བརྩམས་ཟིན་པའི་གཞུང་གཞན་ལས་དཔེ་བཤུས་ཐུབ་ཙམ་དང་། སླ་ཆོས་ཀྱིས་ཁྲལ་འཁྱོལ་ཙམ་གནང་ན་གཏན་ནས་མི་ཆོག་པས། བརྗོད་བྱའི་ཆ་ནས་འབུར་དུ་ཐོན་པ་དང། རྗོད་བྱེད་ཆ་ནས་ཚིག་སྦྱོར་དང་དག་ཆ་སོགས་ཕུན་སུམ་ཚོགས་པ་དགོས།
རྩོམ་ཤོག་ཚད་གཞི།
དངོས་གཞིའི་རྩོམ་ཤོག་ལ་ཡིག་འབྲུ་བཅུ་དྲུག་ཅན་གྱི་ཡིག་ཕྲེང་བཅུ་དྲུག་ཡོད་པའི་ཤོག་གྲངས་ 300 ལས་མི་ཉུང་བ་དགོས།
རྩོམ་རྒྱུགས་ཀྱི་སྔོན་འགྲོ།
རྩོམ་རྒྱུགས་འདོད་མཁན་རྣམས་ཀྱིས་ལྷ་རམས་དང་པོའི་འགེང་ཤོག་དང་མཉམ་དུ་ཡིག་འབྲུ་བཅུ་དྲུག་ཅན་གྱི་ཡིག་ཕྲེང་བཅུ་དྲུག་ཡོད་པའི་ཤོག་གྲངས་ལྔ་བཅུ་ལས་མི་ཉུང་བ་ཚར་གྲངས་གསུམ་དང་སྙན་ཞུ་བཅས་རྒྱུགས་སྤྲོད་ལས་ཁུངས་སུ་དུས་ལྟར་འབུལ་དགོས། དེ་འདྲའི་སྔོན་འགྲོའི་རྩོམ་གཞི་དེ་ཉིད་རྒྱུགས་སྤྲོད་དོ་དམ་ལྷན་ཁང་ནས་རྩོམ་རྒྱུགས་པ་དེའི་ཉེ་ལོག་གྲྭ་ཚང་མ་ཡིན་པའི་གྲྭ་ཚང་གཞན་གསུམ་གྱི་མཁན་པོ་བརྒྱུད་ནས་མཁས་དབང་གསུམ་ལ་གཟིགས་ཞིབ་ཆེད་དུ་འབུལ་རྒྱུ་དང་། མཁས་དབང་དེ་གསུམ་གྱིས་ཟླ་གཅིག་ནང་ཚུན་གཟིགས་ཞིབ་གནང་འབྲས་སུ་དམིགས་བསལ་བརྒྱ་ཆ་གནང་རྒྱུ་མེད་ཀྱང་། རྩོམ་གཞི་འདི་ལ་བརྟེན་ནས་བརྗོད་བྱ་ལ་དཔྱད་ཞིབ་བྱེད་པའི་བློའི་ནུས་པ་ཡོད་མེད། ཚིག་སྦྱོར་སོགས་འབྲེལ་ཆགས་པའི་རྩོམ་གྱི་ཉམས་ལྡན་ཡོད་མེད་དཔྱད་མཐར། ཉམས་ཞིབ་པ་འོས་མིན་གྱི་བཀའ་ལན་ཞིབ་ཕྲ་དང་། ཟུར་མཆན་གནས་ཚུལ་ཇི་ཡོད་ངེས་པར་རྒྱུགས་སྤྲོད་ལྷན་ཁང་དུ་གནང་དགོས།
དེ་ཡང་མཁས་དབང་གསུམ་ལས་མ་མཐར་གཉིས་ཀྱི་ཆོག་མཆན་ཐོབ་ཚེ་རྩོམ་རྒྱུགས་འབུལ་ཆོག་ཀྱང་། གཉིས་ཡན་གྱིས་ཆོག་མཆན་མ་ཐོབ་ཚེ་རྩོམ་རྒྱུགས་འབུལ་མི་ཆོག་མ་ཟད། ལོ་དེར་རྒྱུགས་སྤྲོད་ཀྱི་གོ་སྐབས་ཀྱང་མེད་ལ། འགེང་ཤོག་ཕྱིར་འཐེན་གྱི་ཉེས་ཆད་ཀྱང་སྤྱི་མཚུངས་བཞིན་འབུལ་དགོས། འོན་ཀྱང་ལོ་རྗེས་མའི་རྒྱུགས་སྤྲོད་དུ་ཞུགས་ཆོག་པ་ཡིན།
རྩོམ་རྒྱུགས་འབུལ་འཐུས་ཆོག་མཆན་ཐོབ་ཚེ་ལྷ་རམས་ལོ་དང་པོར་རྩོམ་རྒྱུགས་འབུལ་རྒྱུའི་གཞུང་དེ་རྩོད་རྒྱུགས་འབུལ་མི་དགོས་ཀྱང་། བཀའ་པོད་གཞན་རྣམས་རྩོད་རྒྱུགས་འབུལ་དགོས། ལྷ་རམས་ལོ་ཐ་མར་རྩོད་རྒྱུགས་འབུལ་མི་དགོས་པ་ཡིན།
ལྷ་རམས་ལོ་རིམ་དང་པོར་རྩོད་རྒྱུགས་སྤྲོད་དགོས་མིན།
གང་ཉམས་ཞིབ་གནང་རྒྱུའི་གཞུང་ཚན་དེ་རྩོད་རྒྱུགས་འབུལ་མི་དགོས་ཀྱང་། གཞུང་ཚན་གཞན་བཞིའི་རྩོད་རྒྱུགས་འབུལ་དགོས།
རྩོམ་རྒྱུགས་དངོས་གཞི།
རྩོམ་ཤོག་གི་ཡིག་འབྲུ་བཅུ་དྲུག་ཅན་གྱི་ཡིག་ཕྲེང་བཅུ་དྲུག་ཤོག་ངོས་ ༣༠༠ ལས་མི་ཉུང་བ་དགོས། དེ་ལྟར་རྩོམ་སྒྲིག་བྱས་པའི་འབྲི་རྩོམ་གྱི་འདྲ་བཤུས་ཚར་གསུམ་འགེང་ཤོག་དང་མཉམ་དུ་རྒྱུགས་ཞིབ་ལྷན་ཁང་དུ་དུས་ལྟར་འབུལ་དགོས།
རྒྱུགས་ཀྱི་དུས་ཡུན།
མཁན་རིན་པོ་ཆེ་རྣམ་པས་དཔང་པོར་བཞུགས་པའི་འོག་རྒྱུགས་བཞེས་པ་རེ་ནས་རྩོམ་ཆོས་གང་ཡིན་ཐོག་དུས་ཡུན་ཆུ་ཚོད་ 0.30 རེར་ངག་རྒྱུགས་གཟབ་ནན་བཞེས་དགོས། (རྒྱུགས་བཞེས་པ་གསུམ་ལས་གཉིས་ཀྱི་མ་འཕྲོད་པའི་ཁོངས་སུ་བཏང་ཚེ། གསུམ་གའི་བརྒྱ་ཆ་བསྣན་ནས་འཕྲོད་ཀྱང་། རྒྱུགས་མ་འཕྲོད་པར་རྩིས་རྒྱུ་ནི་རྩོད་རྒྱུགས་ལྟར་ཡིན།)
རྩོམ་ཤོག་དཔར་སྐྲུན་གྱི་སྐོར།
རྩོམ་རྒྱུགས་འཕྲོད་པའི་ཁོངས་སུ་ཡོད་ཀྱང་། འབྲི་རྩོམ་པར་སྐྲུན་བྱེད་ཆོག་པའི་ངེས་པ་མེད། རྒྱུགས་བཞེས་པ་གསུམ་གྱིས་བརྒྱ་ཆ་གནང་བ་དང་ཆབས་ཅིག བརྒྱ་ཆ་གནང་སའི་ཤོག་ལྷེ་སྟེང་དཔར་སྐྲུན་ཆོག་དང་མི་ཆོག་གི་མཆན་རྟགས་ངེས་པར་འགོད་དགོས། དེ་ཡང་རྒྱུགས་བཞེས་པ་གསུམ་གས་རྩོད་མེད་ཆོག་མཆན་ཐོབ་ཚེ་དཔར་སྐུན་བྱེད་ཆོག་ཀྱང་། གང་རུང་ཞིག་གིས་དགག་བྱ་གནང་ཚེ་དཔར་སྐྲུན་བྱེད་མི་ཆོག རྩོམ་ཤོག་པར་སྐྲུན་ཆོག་ཆན་ཐོབ་ཀྱང་། པར་སྐྲུན་གྱི་བདག་དབང་ཡོངས་རྫོགས་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་སྤྲོད་ལྷན་ཁང་ལ་ཡོད།
ཉམས་ཞིབ་པས་ལྷ་རམས་ལོ་རིམ་གཉིས་པར་རྩོད་རྒྱུགས་འབུལ་མི་དགོས།