top of page

བསྐྱར་རྒྱུགས་དང་བསྐྱར་ཞིབ་ཀྱི་སྐོར།

བསྐྱར་རྒྱུགས་ཀྱི་སྐོར།

བསྐྱར་རྒྱུགས་ཀྱི་ཆ་རྐྱེན།

  • བཀའ་རམས་འཛིན་གྲྭ་གཉིས་ལ་བསྐྱར་རྒྱུགས་ཡོད་ཀྱང་། སློབ་དཔོན་དང་ལྷ་རམས་ལ་མེད།

  • རྩོད་རྒྱུགས་ཀྱི་རྒྱུགས་ཚད་མ་ལོན་པ་ལ་བསྐྱར་རྒྱུགས་མེད།

  • བཀའ་རམས་གཉིས་ཀྱི་བསྐྱར་རྒྱུགས་ཆོག་པ་ལའང་བྲིས་རྒྱུགས་ཀྱི་སློབ་ཚན་གཅིག་ཙམ་གྱིས་མ་འཕྲོད་པ་དང་།

  • དེ་ཡང་སློབ་ཚན་དེས་རྩ་བའི་བརྒྱ་ཆ། 100 ལས་ཨང་ཐོབ་བརྒྱ་ཆ་ 25 ལས་མི་ཉུང་བ་ལོན་ཡོད་པ།

  • ལོ་སྔ་མར་རྒྱུགས་མ་འཕྲོད་པ་མ་ཡིན་པ་བཅས་ཡིན་དགོས།

  • ལོ་སྔ་མར་བསྐྱར་རྒྱུགས་དང་བསྐྱར་ཞིབ་ཀྱིས་འཕྲོད་པ་རྣམས་ལ་གོང་གི་ཆ་རྐྱེན་རྣམས་ཚང་ཚེ་བསྐྱར་རྒྱུགས་ཀྱི་ཐོབ་ཐང་ཡོད། 

 

བསྐྱར་རྒྱུགས་ཐོ་འགོད།

གོང་གསལ་ཆ་རྐྱེན་ཚང་བའི་བསྐྱར་རྒྱུགས་འདོད་མཁན་རྣམས་ཀྱིས་རྒྱུགས་སྤྲོད་གྲུབ་འབྲས་གསལ་སྒྲགས་རྗེས་ཀྱི་(རྒྱུགས་སྤྲོད་ལྷན་ཁང་གིས་དུས་བཀག)ནང་འགེང་ཤོག་དགང་ནས་རྒྱུགས་སྤྲོད་དོ་དམ་ལྷན་ཁང་ལ་སྙན་ཞུ་ཐོ་འགོད་ངེས་པར་བྱ་དགོས། 

བསྐྱར་རྒྱུགས་གཏོང་དུས་དང་དུས་ཡུན།

གཏོང་དུས་ནི་དོ་དམ་པ་རྣམས་ཀྱིས་གོ་བསྡུར་གྱིས་གདན་ས་གསུམ་ག་ཉིན་གཅིག་དུས་གཅིག་ཏུ་འཁེལ་བ་བྱ་རྒྱུ་དང།  དུས་ཡུན་ཆུ་ཚོད་གསུམ་ཡིན། 

བསྐྱར་རྒྱུགས་གཏོང་ཡུལ།

བསྐྱར་རྒྱུགས་པ་རང་ཉིད་གདན་ས་གང་ཡིན་དེའི་བླ་སྤྱི་འདུ་ཁང་དུ་ཡིན་ལ། བཀྲས་ལྷུན་པ་སེ་ར་བླ་སྤྱི་དང་། རྭ་སྟོད་པ་འབྲས་སྤུངས་བླ་སྤྱི་རུ་བསྐྱར་རྒྱུགས་སྤྲོད་པར་ཡོང་དགོས། 

​བསྐྱར་རྒྱུགས་ཉིན་གྲྭ་ཚང་སོ་སོའི་མཁན་པོ་མཆོག་གིས་རང་ཁོངས་དགེ་བཤེས་རེ་དོ་དམ་པའི་ཕྱག་རོགས་སུ་གཏོང་གནང་རྒྱུ། 

བསྐྱར་རྒྱུགས་ཀྱི་གྲུབ་འབྲས།

བསྐྱར་རྒྱུགས་འཕྲོད་པ་ལ་རྩ་བའི་བརྒྱ་ཆ་ལས་མ་མཐར་ཨང་ཐོབ་བརྒྱ་ཆ་ 40 ལོན་དགོས་ཤིང་། ཨང་ཐོབ་དེས་རྒྱུགས་ཀྱི་ཨང་རིམ་ཤོག་ལྷེར་ཨང་རིམ་དབྱེ་འབྱེད་མི་གནང་བ་མ་ཟད། བསྐྱར་རྒྱུགས་སྤྲད་ནས་འཕྲོད་པ་དེ་གནས་རིམ་གཉིས་པ་མན་ཆད་ལས། གནས་རིམ་དང་པོར་ཚུད་ཐབས་མེད། 

བསྐྱར་ཞིབ་སྐོར།

བསྐྱར་ཞིབ་ཀྱི་ཆ་རྐྱེན།

  • བཀའ་རམས་དང་སློབ་དཔོན་ལ་མ་གཏོགས་ལྷ་རམས་ལ་བསྐྱར་ཞིབ་མེད།

  • དེ་ཡང་རྩོད་རྒྱུགས་ཀྱི་བརྒྱ་ཆ་ལ་བསྐྱར་ཞིབ་མེད།

  • བསྐྱར་ཞིབ་བྱེད་པ་ལ། སློབ་གཉེར་བ་དེས་སློབ་ཚན་གཅིག་ལས་ལྷག་མ་འཕྲོད་པ་མིན་པ་དང་།

  • བསྐྱར་རྒྱུགས་ཀྱི་ཁོངས་སུ་ཚུད་མེད་པ་དགོས་པ་མ་ཟད།

  • ལོ་སྔ་མར་མ་འཕྲོད་པའང་མིན་པ་ཞིག་དགོས།

  • རང་ཁོངས་མཁན་རིན་པོ་ཆེས་མོས་མཐུན་གནང་བའི་རྒྱབ་གཉེར་ངོ་སྦྱོར་དགོས།

  • རང་ཉིད་ཀྱིས་བསྐྱར་ཞིབ་ཆོག་པའི་སྙན་ཞུའི་ཡིག་གེ།

  • བསྐྱར་ཞིབ་ཀྱི་དོད་སྒོར་ 500

  • དེ་ལྟ་བུའི་སློབ་གཉེར་བ་བཀའ་རམས་དང་སློབ་དཔོན་གཉིས་ཀས་བསྐྱར་ཞིབ་ཀྱི་སྙན་ཞུ་གནང་འཐུས་ཀྱང་། རྒྱུགས་འཕྲོད་པའི་ལན་དེབ་ལ་བསྐྱར་ཞིབ་མེད།

 

སྙན་ཞུ།

བསྐྱར་ཞིབ་འདོད་པ་རྣམས་ཀྱིས་གྲུབ་འབྲས་ཐོན་པ་ནས་(རྒྱུགས་སྤྲོད་ལྷན་ཁང་གིས་དུས་བཀག)ནང་ཚུན་མཁན་རིན་པོ་ཆེའི་རྒྱབ་གཉེར་ཡོད་པའི་སྙན་ཞུ་དང། སྙན་ཞུ་དོད་ཧིན་སྒོར་ ༥༠༠ བཅས་རྒྱུགས་སྤྲོད་ལས་ཁུངས་སུ་འབུལ་ཐུབ་པ་དགོས། 

 

བསྐྱར་ཞིབ་སྔོན་འགྲོ།

རྒྱུགས་སྤྲོད་ལས་ཁུངས་ནས་བསྐྱར་ཞིབ་སྙན་ཞུ་འབྱོར་བ་ཁག་གི་ལན་དེབ་དཔར་ལོག་ཚར་དྲུག་རེ་བཏབ་སྟེ། གྲྭ་ཚང་དྲུག་གི་མཁན་རིན་པོ་ཆེ་རྣམ་པར་འབུལ་རྒྱུ་དང། མཁན་རིན་པོ་ཆེ་རྣམ་པས་གསང་བའི་སྒོ་ནས་རང་ཁོངས་དགེ་བཤེས་ལྷ་རམས་པ་རེ་བསྐོ་བཞག་གིས། རྒྱུགས་སྤྲོད་ལས་ཁུངས་ནས་དུས་ཚོད་གཏན་འབེབས་བྱས་པའི་བར་ལན་དེབ་རྣམས་ལ་བསྐྱར་ཞིབ་གནང་འོས་མིན་གྱི་གཟིགས་ཞིབ་ལེགས་པར་གནང་སྟེ། བསྐྱར་ཞིབ་གནང་འོས་ན་མོས་མཐུན་དང་། མེད་ན་དགག་བྱ་གནང་རྒྱུ་ལས་དམིགས་བསལ་བརྒྱ་ཆ་གང་ཡང་གནང་མི་དགོས། 

སྔོན་འགྲོའི་གྲུབ་དོན།

གྲྭ་ཚང་གི་དྲུག་གི་དགེ་བཤེས་རྣམས་ཀྱིས་བསྐྱར་ཞིབ་གཟིགས་ཞིབ་གྲུབ་མཚམས་དོ་དམ་པ་རྣམས་ཀྱིས་བསྐྱར་ཞིབ་གནང་འོས་མིན་གྲངས་བཤེར་གནང་འབྲས་སུ། མོས་མཐུན་བཞི་ལས་ལྷག་བྱུང་བ་རྣམས་ལ་བསྐྱར་ཞིབ་གནང་འཐུས་པ་ཡིན། 

བསྐྱར་ཞིབ་དངོས་གཞིའི་རྒྱུགས་ཞིབ་པ།

བསྐྱར་ཞིབ་ཁོངས་སུ་ཚུད་པའི་ལན་དེབ་རྣམས་སྔོན་སློབ་ཚན་དེའི་བརྒྱ་ཆ་སྤྲོད་མཁན་མ་ཡིན་པའི་གྲྭ་ཚང་གཞན་ཞིག་ལ་འབུལ་རྒྱུ་དང་།

བསྐྱར་ཞིབ་ཀྱི་བརྒྱ་ཆ།

སྤྱིར་རྒྱུགས་འབྲས་འཕྲོད་པ་ལ། སློབ་དཔོན་གཉིས་ཀྱིས་རྩ་བའི་བརྒྱ་ཆ་ལས་བརྒྱ་ཆ་ ༥༠ དང་། བཀའ་རམས་གཉིས་ཀྱིས་རྩ་བའི་བརྒྱ་ཆ་ལས་བརྒྱ་ཆ་ ༣༣ ལོན་དགོས་པ་སྨོས་མེད་ཐོག། སྔར་གྱི་རྒྱུགས་ཞིབ་པས་གནང་བའི་ཨང་ཀི་དང་བརྒྱ་ཆ་བཅུ་ཙམ་ལས་མཐོ་བ་མ་བྱུང་ན། སྔོན་གྱི་གྲུབ་འབྲས་རང་སོར་གནས་རྒྱུ། དཔེར་ན། སློབ་དཔོན་གཉིས་ལ་སློབ་ཚན་རྣམ་འགྲེལ་ལྟ་བུ་ལ་རྩ་བའི་བརྒྱ་ཆ་ ༣༠ ཡོད་ཅིང་། སྤྱིར་རྒྱུགས་འཕྲོད་པ་ལ་བརྒྱ་ཆ་ ༡༥ ལོན་དགོས། སྔར་གྱི་རྒྱུགས་ཞིབ་པས་ཨང་ཀི་ ༡༤ གནང་ཡོད་པ་ལ་མཚོན་ན། བསྐྱར་ཞིབ་གནང་མཁན་རྒྱུགས་ཞིབ་པས་དེའི་སྟེང་ཨང་ཀི་ ༣ ལས་ལྷག་གནང་དགོས་པ་ལས་ཨང་ཀི་ ༣ ཙམ་མམ་དེ་ལས་ཉུང་བ་གནང་ཚེ་སྔོན་གྱི་གྲུབ་འབྲས་རང་སོར་གནས་ཏེ། རྒྱུགས་མ་འཕྲོད་པའི་ཁོངས་སུ་འགྲོ་རྒྱུ་ཡིན་པ་ལྟར། བཀའ་རམས་ཀྱི་དགེ་ལུགས་ཆོས་འབྱུང་ལ་རྩ་བའི་བརྒྱ་ཆ་ ༥༠ ཡོད་ཅིང་། སྤྱིར་རྒྱུགས་འཕྲོད་པ་ལ་བརྒྱ་ཆ་ ༡༧ ལོན་དགོས་ལ། སྔར་གྱི་རྒྱུགས་ཞིབ་པས་ཨང་ཀི་ ༡༢ གནང་ཡོད་པ་ལྟ་བུར་མཚོན་ན། བསྐྱར་ཞིབ་གནང་མཁན་རྒྱུགས་ཞིབ་པས་དེའི་སྟེང་ཨང་ཀི་ ༥ ལས་ལྷག་གནང་དགོས་བ་ལས་ཨང་ཀི་ ༥ ཙམ་མམ་དེ་ལས་ཉུང་བ་གནང་ཚེ་སྔོན་གྱི་གྲུབ་འབྲས་རང་སོར་གནས་ཏེ་རྒྱུགས་མ་འཕྲོད་པའི་ཁོངས་སུ་འཇོག་རྒྱུ་བཅས། སློབ་ཚན་གཞན་ལའང་མཚུངས་པ་ཡིན།  བསྐྱར་ཞིབ་གྲུབ་འབྲས་རྒྱུགས་འཕྲོད་པའི་སློབ་གཉེར་བ་རྣམས་གནས་རིམ་གཉིས་པར་འཇོག་རྒྱུ་ལས་གནས་རིམ་དང་པོར་ཚུད་ཐབས་མེད། 

bottom of page